ཆོས་བརྡ།
བོད་རབ་བྱུང་༡༧པའི་མེ་ཕོ་སྤྲེལ་ལོ་ས་ག་ཟླ་བ་ཚེས་གཉིས་ལ་ཁྲོམ་བཟའ་གོང་མ་སྡེ་དགོན་གཉིས་ཀྱིས་རྫ་དཔལ་སྤྲུལ་རྡོ་འབུམ་ཆེན་མོའི་ཁར་ས་ཏྭ་ཆོས་ཚོགས་ཐེངས་གཉིས་པ་འཚོགས་རྒྱུ་གཏན་ཁེལ་བྱས་ཤིང་། ཚོགས་པའི་དུས་ཚོད་ཚེས་གཉིས་ནས་ཚེས་བཅུ་བར་ཡིན། རྒྱ་ཆེ་བའི་དད་ལྡན་དམངས་ཚོགས་རྣམས་དུས་ལས་མི་ཡོལ་བར་ཕེབས་པར་དགའ་བསུ་ཞུ། སྤྱིར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ངོས་ནས་བཤད་ན་ས་ག་ཟླ་བ་འདི་ནི་དུས་ཚེས་ཁྱད་པར་ཅན་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་སུམ་འཛོམས་ཀྱི་དུས་འགྱུར་འདི་ལ་རང་གཞན་གྱིས་ཐོགས་མེད་ནས་བསགས་པའི་སྡིག་ལྟུང་འདག་པ་དང་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དགེ་བ་རླབས་པོ་ཆེ་རེ་འགྲུབ་པ་དང་མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་ལ་ཕན་བདེ་མ་ལུས་པའི་ཉེར་རྒྱུ་རུ་སྨོན་ན་དེ་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག
དམིགས་གསལ་ཞུ་བྱ།
ཚེས་གཉིས་སྔ་དྲོ་རིག་འཛིན་འཇིགས་མེད་གླིང་པས་དགོངས་གཏེར་ནམ་མཁའ་མཛོད་ལས་《 རྡོར་སེམས་མངོན་དགའི་ཞིང་སྦྱོང་》 གྱིས་དབང་། ཚེས་གསུམ་ནས་བཟུང་ནངས་སྔ་ཆུ་ཚོད་བདུན་ཐོག་འཛིན་རྒྱུ་ཡིན་ཉིན་གཅིག་ལ་ཐུན་བཞི་ལས་བཞི་བྱས་ནས་ཆོ་ག་ཆོས་སྤྱོད་སོགས་གསུང་རྒྱུ་དང་། སྐྱ་སེར་ཡོངས་ལ་གསོལ་ཇ་གསོལ་ཚིག་འདྲེན་རྒྱུ་ཡོད་པས་ཚང་མས་དེ་ལུགས་ཐུགས་ལ་འཛིན་པར་ཞུ།
རྫ་རྒྱལ་དགོན་གྱི་ལས་འཛིན་ཐུན་མོང་ནས།